Wednesday 30 November 2011

ཁ་པར་ལས་བོད་ཡིག་གི་དྲ་ཚིགས་ཉུལ་སྟངས།

ངས་ཁྱེད་ལ་དགའ་འོས་པའི་གཏམ་བཟང་ཞིག་བཤད། ཁྱེད་ཀྱི་ལག་ཐོགས་ཁ་པར་གྱི་ནང་དུ་(opera mini)ཞེས་པའི་མཉེན་ཆས་དེ་ཨེ་ཡོད། མེད་ན་སྔོན་ལ་དེ་ཕབ་ལེན་བྱོས་དང་། ཁྱེད་ཀྱི་ཁ་པར་དྲ་སྤྱོད་ནུས་ལྡན་ཡིན་ཕྱིན་ཆད། བོད་ཡིག་གི་དྲ་རྒྱ་ཡོད་ཚད་མཉེན་ཆས་དེ་བརྒྱུད་ནས་ལྟ་ཐུབ་པའི་ནུས་པ་ཡོད་པ་ཡིན། གལ་སྲིད་ཁྱེད་ཀྱི་ཁ་པར་གྱི་ནང་དུ་བོད་ཡིག་མེད་ནའང་མཉེན་ཆས་དེ་ཡོད་པས་ཁྱེད་ཀྱི་ཁ་པར་དུ་དཀའ་ངལ་ཅི་ཡང་མེད་པར་བོད་ཡིག་ལས་སླ་བོའི་ངང་འཆར་ཡོང་གི་ཡོད། དེ་ཡང་དང་ཐོག་(opera mini )ཞེས་པའི་མཉེན་ཆས་དེ་ཕབ་ལེན་བྱེད་དགོས་པ་དང་། དེའི་རྗེས་སུ། མཉེན་ཆས་དེ་རང་གི་ཁ་པར་ནང་དུ་ནང་འཇུག་བྱས་ཚར་བ་དང་། མཉེན་ཆས་དེ་སྒོ་ཕྱེ། དེ་ནས། མཉེན་ཆས་དེའི་ནང་གི་དྲ་བྱང་(www)འབྲི་སའི་ནང་གི་(www)བསུབས་ནས། (opera:config)ཞེས་པ་འདི་ཕྲིས། དེ་ནས་དེ་དྲ་འཇུག་བྱས་ཚར་རྗེས། (yes) ཞེས་པ་མང་དག་ཞིག་དང་། (no)ཞེས་པ་གཉིས་ཡོད་པའི་དྲ་ངོས་ཞིག་འཆར་ཡོང་གི་རེད། དྲ་ངོས་དེའི་སྟེང་གི་(no)གཉིས་པོ་དེ་(yes)་ལ་བསྒྱུར། དེ་ནས་འོག་གི་(save)ཞེས་པ་ཞིག་ཡོད་པ་དེ་ནོན་དང་བོད་ཡིག་ལྟ་ཐུབ་པའི་ནུས་པ་རང་ཤུགས་ཀྱིས་ནང་འཇུག་བྱེད་འགྲོ་བ་རེད། དེ་ནས། སླར་ཡང་དྲ་བྱང་(www)འབྲི་སའི་ནང་དུ་དོ་བདག་རང་གིས་ཇི་དགར་ལྟ་འདོད་པའི་བོད་ཀྱི་དྲ་ཚིགས་དཔེར་ན་མཆོད་མེ་དང་ཁ་བརྡ། བོད་ཀྱི་བང་ཆེན་དང་། དུས་བབ་སོགས་ཀྱི་ཁ་བྱང་གང་རུང་ཞིག་གཏག་དང་། བོད་ཡིག་གི་དྲ་རྒྱ་དེ་དག་བདེ་བླག་ངང་ཁྱེད་ཀྱི་ཁ་པར་དུ་ཤར་འོང་གི་རེད། འདིར་ཧ་གོ་དགོས་པ་ཞིག་ལ། རྗེས་ཕྱོགས་ནས། བོད་ཡིག་གི་དྲ་ཚིགས་ལ་གཟིགས་ཚད། ངེས་པར་དུ་(opera)ཞེས་པ་འདི་བརྒྱུད་ནས་གཟིགས་དགོས་པ་ལས། ཁ་པར་ནང་གི་དྲ་རྒྱ་ལྟ་བྱེད་ཀྱི་མཉེན་ཆས་ཡོད་ཚད་བརྒྱུད་ནས་བོད་ཡིག་དྲ་ཚིགས་ཁག་གཟིགས་མི་ཐུབ།
                                  རྩོམ་ཡིག་འདི་གཞན་གྱི་དྲ་བ་ལས་བཤུས་འདིར་བཀོད་པ་ཡིན་པའི་དགོངས་འཇགས་མཚལ།


Monday 24 October 2011

རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་ལོ་རྒྱུས་ངོ་སྤྲོད།


རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས།
       དགོན་སྡེ་འདི་ནི་མདོ་ཁམས་སྒང་དྲུག་ལས་འབྲི་ཟླ་ཟལ་མོ་སྒང་དང་ཆུ་བཞི་ལས་རྨ་ཆུའི་འགྲམ་རྒྱུད་དེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་ཇོ་བོ་ཡབ་སྲས་ཀྱི་ལུང་གི་དངོས་སུ་ཟིན་པའི་རྨ་གཉན་ཧེད་པོ་ཁྱུང་མགོན་གྱི་རི་འདབས་རྭ་རྒྱ་བཀྲ་ཤིས་ལྗོངས་ཞེས་པར་རབ་བྱུང་བཅུ་གསུམ་པའི་ས་མོ་གླང་སྤྱི་ལོ་༡༧༦༩ ལོར་ཨ་རིག་དགེ་བཤེས་ཆེན་མོ་རྗེ་བྱམས་པ་དགེ་ལེགས་རྒྱལ་མཚན་གྱིས་ཕྱག་བཏབ་ཅིང༌། དགོན་མགོ་ྋཔཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ལ་ཕུལ་བས་ཇི་སྲིད་བར་བླ་བྲང་རྒྱལ་མཚན་མཐོན་པོས་འཛིན་བདག་མཛད་པ་ཡིན། ྋཔཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་དགོངས་བཞིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྒྲིག་ལམ་ལྟར་དུས་བཞིའི་ཆོས་ཐོག་ཆེ་ཆུང་དང༌། 
རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ་གཞིར་བཟུང་བཀའ་པོད་ལྔའི་འཆད་ཉན་འཛིན་གྲྭ་བཅུ་གསུམ་དང༌། ལམ་སྔགས་གཉིས་ལ་འཛིན་གྲྭ་ཟུར་འཛུགས་ཀྱི་མདོ་སྔགས་ཀྱི་འཆད་ཉན་རྨད་དུ་བྱུང་བ་དཀར་འབྱམས་སུ་བརྡལ་ཞིང༌། ཁོང་གིས་ལོ་ངོ་ཉེར་བཞིའི་རིང་བདག་སྐྱོང་གིས་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་སྤྱི་ལོ་༡༧༩༢ ལོར་ྋཔཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ལ་བཀའ་བགྲོས་གནང་བས། གཙང་ནས་ྋཔཎ་ཆེན་སྐུ་ཚབ་ཚོགས་གསོག་པ་བློ་བཟང་དགེ་འདུན་སྐུ་འཁོར་བཅས་མངགས་འབྱོར་བྱུང་བ་ལྟར་ཐུགས་སྲས་ཆེན་པོ་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོར་གདན་ས་གཏད་ནས་རི་ཁྲོད་ལ་ཕེབས།  ཐུགས་སྲས་པཎྜི་ཏ་ཆེན་པོ་མཆོག་ནས་ཀྱང་བླ་མའི་བཀའ་བཞིན་སྔར་ཡོད་མཚན་ཉིད་གྲྭ་ཚང་གི་སྟེང་དུ། དབུས་རྒྱུད་སྨད་གྲྭ་ཚང་གི་རྒྱུད་གྲྭ་བ་རྣམས་དང་མཉམ་དུ་བཙུགས་པའི་རྒྱུད་པ་ལ་གྲྭ་གྲངས་ཁ་སྣོན་གྱིས་རྒྱུད་སྨད་གྲྭ་ཚང་གསང་སྔགས་བདེ་ཆེན་གླིང་དང༌། དུས་འཁོར་གྲྭ་ཚང་རིགས་ལྡན་བློ་གསལ་གླིང༌། སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་བཅས་གྲྭ་ཚང་ཆེན་པོ་གསུམ་དང༌། རྟ་མགྲིན་གྲྭ་ཚང་བཅས་རིམ་བཞིན་བཙུགས་ཤིང༌། དེ་དག་གི་འཆད་ཉན་གྱི་རིམ་པའང་ཡུལ་མདོ་སྨད་དུ་སུས་ཀྱང་འགྲན་པའི་ཟླ་དང་བྲལ་བའི་ཕྱག་ལེན་ངོས་གཙང་ཞིང་རྨད་དུ་བྱུང་བ་འཛུགས་པར་མཛད། 

ཞིབ་པར་གོང་སྨོས་ཤིང་བཟའ་པཎྜི་ཏའི་རྣམ་ཐར་སྐབས་བརྗོད་ཟིན་པས་བསྐྱར་ཟློས་སྤངས། ཆོས་སྡེ་འདིར་མདོ་སྔགས་བསྟན་པའི་སྒྲོན་མེ་སྐྱབས་རྗེ་ཤིང་བཟའ་སྐུ་ཕྲེང་རིམ་བྱོན་དང༌། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཡབ་རྗེ་གསེར་ཁང་བ་ཆེན་པོ། རྒྱ་ལུ་ཧུ་ཐོག་ཐུ་སྐུ་ཕྲེང་རིམ་བྱོན་དང༌། ཨ་ལགས་རྒྱལ་བ་སྐུ་ཕྲེང་རིམ་བྱོན། ཨ་རིག་དགེ་བཤེས་ཆེན་མོའི་ཡང་སྤྲུལ་དུ་ལྷ་དང་བླ་མའི་ལུང་གིས་ཟིན་པ་སྐུ་ཕྱོགས་ཨ་ཀ་སྐུ་ཕྲེང་རིམ་བྱོན་སོགས་ཆོས་ཚུལ་རྒྱ་མཚོའི་ཤིང་རྟ་འདྲེན་པའི་སྤྲུལ་བའི་སྐུ་བཞི་བཅུ་ལྷག་དང༌། གདན་ས་ཆེན་པོ་རྣམས་སུ་ལུང་རིགས་སྨྲ་བའི་དབང་ཕྱུག་ཏུ་གྱུར་བ་ཇེ་སང་དགེ་བཤེས་དགེ་ལེགས་བཟང་པོ་དང༌། མ་ཁྱེ་ལྷ་རམས་པ་དགེ་ལེགས་དཔལ་བཟང༌། སྦྲ་ནག་དགེ་བཤེས་བློ་བཟང་བསྟན་པ། ཕྱག་ཤུལ་དགེ་བཤེས་དགེ་འདུན་རྣམ་རྒྱལ། ཀླུ་རྩེ་དགེ་བཤེས། དགོན་རུང་དགེ་བཤེས་ངག་དབང་བསྟན་དར། བཀའ་བཅུ་དགེ་འདུན་ཤེས་རབ། ཨ་སྐྱོང་དགེ་བཤེས་སོགས་ལོ་ངོ་ཉིས་བརྒྱ་ལྷག་གི་རིང་ལ་དབུས་ཀྱི་གདན་སར་མིང་བཏགས་ཆེ་ཁག་བླངས་པའི་དགེ་བཤེས་བརྒྱ་ཕྲག་བརྒལ་བ་ལྷག་བྱུང་ལ། ཆོས་སྡེ་རང་གི་གྲྭ་ཁྲོད་ནས་ཀྱང་ཡབ་རྗེ་གསེར་ཁང་བ་ཆེན་པོ་བློ་བཟང་བསྟན་འཛིན་རྒྱ་མཚོ། སྨན་ཤུལ་ཨེར་ཏི་ནི་བློ་བཟང་ཡེ་ཤེས་བསྟན་འཛིན།  

ཤར་འོད་ཆོས་མཛད་གྲགས་པ་བཟང་པོ། སྐུ་མཆེད་བསྟན་པ་རྒྱ་མཚོ། གཡུ་རྔོག་པཎྜི་ཏ་བློ་བཟང་རྡོ་རྗེ།  ཕྱག་མཛོད་བྱམས་པ་གསུང་རབ་སོགས་འཇམ་མགོན་སངས་རྒྱས་གཉིས་པའི་བསྟན་པ་རིན་པོ་ཆེ་འཛིན་པར་སྨོན་ལམ་གྱི་མཐུ་གྲུབ་པ་མང་པོ་བྱོན། དར་རྒྱས་ཀྱི་སྐབས་སུ་རྒྱུན་སྡོད་དགེ་འདུན་པ་ཉིས་སྟོང་ལྔ་བརྒྱ་ལྷག་དང་སྒར་ཁག་ཆེ་བ་ཉེར་ལྔ༌། གཙུག་ལག་ཁང་ཉི་ཤུ་རྩ་བདུན། རྒྱལ་བའི་བཀའ་འགྱུར་ཆེན་པོ་དང་རྒྱལ་བ་ཙོང་ཁ་བ་ཆེན་པོའི་བཀའ་འབུམ། རྗེ་བཙུན་ཆོས་རྒྱལ་མཚན་གྱི་གསུང་འབུམ་ཡོངས་སུ་རྫོགས་པའི་པར་ཤིང་སོགས་རྟེན་གསུམ་སྲིད་ན་རྙེད་པར་དཀའ་བ་ཕྱུར་བུར་སྤུངས་ཤིང༌། སྔར་རྒྱ་ནག་གོང་མ་ཆན་ལུང་གིས་ཀྱང་མཚན་ལེགས་གླིང་ཞེས་པའི་ཙི་བན་སྤྲད་མྱོང༌། དགོན་ལག་ཀྱང་གསེར་ལེགས་དགའ་ལྡན་ཕུན་ཚོགས་བསྟན་རྒྱས་གླིང༌། ལུང་དཀར་དགའ་ལྡན་ཆོས་འཕེལ་གླིང༌། སྙན་མོ་དགོན་དགེ་ལྡན་རྣམ་རྒྱལ་གླིང༌། ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང༌། སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང༌། ཐར་ཤུལ་དགོན་བཤད་སྒྲུབ་རབ་བརྟན་གླིང༌། ཀླུ་ཚང་དགོན་དགེ་འཕེལ་བྱང་ཆུབ་གླིང༌། བོང་སྟག་དགོན་ཨེ་ཝམ་ཏཱ་རེའི་གླིང༌། བེ་ཧུ་དགོན་དགའ་ལྡན་ཐོས་བསམ་གླིང༌། བེ་ཇོ་དགོན༌། བེ་ཅིང་དགོན། བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང༌། བ་རོད་དགོན་སོགས་བཤད་སྒྲུབ་ཀྱི་ཆོས་སྡེ་སུམ་ཅུ་ལྷག་ཡོད། རྗེ་གསེར་ཁང་བ་ཆེན་པོ་ཡབ་སྲས་དང་བཅས་པའི་བཀའ་དྲིན་ལས་མདོ་སྨད་སྤྱི་དང་ཁྱད་པར་དུ་རྨ་ལྷོ་བྱང་གི་ཡུལ་གྲུ་དག་ལ་ཀུན་སྤངས་རི་ཁྲོད་པའི་རྣལ་འབྱོར་བ་སྟོང་ཕྲག་དུ་མས་རི་བྲག་རྫ་གསེང་རྣམས་སུ་ཐོས་དོན་སྒྲུབ་པར་བརྩོན་པའི་སྲོལ་བཟང་ཆེས་ཆེར་འཕེལ་བ་བྱུང༌།

  མ་ཧ་པཎྜི་ཏ་ཤིང་བཟའ་བློ་བཟང་དར་རྒྱས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་དངོས་སློབ་ཡང་སློབ་དག་གི་བཀའ་དྲིན་ལས་མདོ་སྨད་ལྷོ་བྱང་དུ་མདོ་སྔགས་ཆོས་ཚུལ་གྱི་མུ་རྒྱུད་མཐའ་མེད་དུ་འཕེལ་ཞིང༌། ཐ་ན་ད་ལྟ་ཡུལ་དེ་དག་ཏུ་ཐུན་མོང་རིག་གནས་ཀྱི་བཤད་ཁྲིད་ཆེས་ཆེར་འཕེལ་བའང་རྗེ་འདི་ཉིད་ཀྱི་དངོས་སློབ་པཎྜི་ཏ་ཆེན་པོ་བིས་པ་ངག་དབང་མི་ཕམ་ཟླ་བ་དང༌། ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས། བཀའ་བཅུ་དགེ་འདུན་ཤེས་རབ་སོགས་ཀྱི་བཀའ་དྲིན་དང་དམ་པ་དེ་དག་གི་སློབ་རྒྱུན་དུ་མ་གཏོགས་པ་ད་དུང་ཡང་མེད་པའི་ཚོད་དུ་གནས།  མཆོད་གཞིས་སུ་གཏོགས་པའི་ལྷ་སྡེའང་སྔར་ཨ་རིག་ཚོ་དགུའི་སྤྱི་དགོན་ཡིན་པས་ཡོངས་གྲགས་སུ་ཨ་རིག་རྭ་རྒྱ་རུ་གྲགས་ལ། དེ་དུས་ཇ་སག་མགོན་པོ་རྡོ་རྗེའི་མངའ་འབངས་སུ་དགོན་སྡེ་འདིའི་མཆོད་གཞིས་ལ་བོད་སོག་གི་རུ་སྡེ་ནམ་མཁའི་རྒྱུ་སྐར་ས་ལ་འཕོས་པའི་ཟོལ་དུ་མང་འབལ་བྱ་གསུམ་དང༌། གཡས་རུ་གཡོན་རུ། རྨ་རྒྱལ་གངས་རིའི་རྒྱབ་མདུན་བཅས་སུ་གཞིས་ཆགས་པའི་ཨ་རིག་པ་དང༌། ཇ་སག་སྡེ་བཞི་སོགས་ཡིན། དུས་ཟིང་དང་ལོ་རྒྱུས་ཀྱི་འགྱུར་ལྡོག་ལས་སོག་པོ་དང༌། ཨ་རིག་པ་རྣམས་རིམ་གྱིས་རུ་འཐོར་ཏེ་ཕྱོགས་ཕྱོགས་སུ་ས་བུད་པ་ནས་ཤུལ་ལས་ཚོ་བ་སྐོར་ཞིག་དང༌། སྦྲ་ནག་ཁག་གསུམ། མགར་རྩེ་ཚོ་བཅྭོ་བརྒྱད། སེ་བན་ཅང་གསུམ། མཐའ་འདུག་ཚོ་བཞི། རྟ་བོ་དམེ་ཚང་སོགས་རུ་སྡེ་བགྲང་ལས་འདས་པ་གནས། སྤྱི་ལོ་༡༩༥༨ ལོར་བླ་མ་རྣམས་དང་དགེ་བའི་བཤེས་གཉེན་དྲག་རིམ་ཡོད་ཚད། དགེ་འདུན་པ་སྟོང་ཕྲག་ལྷག་འཛིན་བཟུང་གིས་བཙོན་དུ་ཁྱེར་བ་རེ་གཉིས་ལས་ཕྱིར་འོང་མ་བྱུང༌། སྤྱི་ལོ་༡༩༦༤ ལོར་ཆོས་ལུགས་སླར་གསོའི་ཁ་གཡང་གིས་བསླུས་ཏེ་སྔར་སྦས་སྐུང་བྱས་པའི་རྟེན་གསུམ་དང་སྡོམ་ལྡན་རྣམས་ཀྱིས་སླར་དགོན་གཞི་བཟུང་ཙམ་ལ་སླར་དམ་དྲག་གི་དགོན་ཤུལ་གྱང་ཆག་སྐྱ་ཉུལ་དུ་བཏང་ཞིང༌། རྩ་ཆེན་རྟེན་སྣ་གཅིག་ཙམ་ཡང་མ་ལྷག  ཕྱིས་སྤྱི་ལོ་༡༩༨༡ ལོར་སྐུ་ཕྱོགས་རྒྱལ་བ་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་དབང་མཁྱེན་རབ་རྒྱ་མཚོ་དང༌། སྐུ་ཕྱོགས་རྒྱ་ལི་སྤྲུལ་བའི་སྐུ་རིན་པོ་ཆེ། ཨ་ལགས་ཙང་གུ། ཨ་ལགས་སྨན་ཤུལ། ཨ་ལགས་གཙོ་རི་སོགས་བླ་སྤྲུལ་འགའ་ཞིག་གི་སྟེང་དགེ་འདུན་པ་བཞི་བཅུ་ཙམ་ལྷག་ལུས་བྱུང་བ་དག་གིས་གཞི་བཟུང་ཞིང༌། དགེ་བའི་བཤེས་གཉེན་ཆེན་པོ་འོད་ཟེར་བཟང་པོ་དང༌། བརྩི་བཞག་བཟོད་པ་བཟང་པོ། བརྩི་བཞག་བློ་བཟང་བསྟན་པ། རྒན་བློ་གྲོས་བཟང་པོ། སློབ་དཔོན་བསྟན་སྐྱོངས་སོགས་ཀྱིས་བཀའ་དྲིན་ལ་བརྟེན་སྔར་གྱི་འཆད་ཉན་གྱི་རིམ་པ་དང་སྒྲིག་ལམ་མཐའ་དག་ཟུར་ཙམ་ཡང་མ་ཉམས་པར་གྲྭ་ཚང་ཆེན་པོ་བཞི་དང་བཅས་པ་སླར་ཡང་བཙུགས་ཤིང༌། 

ད་ལྟ་དགེ་འདུན་པ་བདུན་བརྒྱ་ལྷག་ཏུ་འཕེལ་ཏེ་བཤད་སྒྲུབ་ཀྱི་བྱ་བ་ཡར་ཟླའི་དཔལ་ལ་འགྲན་བཞིན་པའི་སྐབས་ཡིན། སྤྱི་ལོ་༡༩༩༥ ལོར་དགོན་པ་འདིར་སེར་བྱེས་ཧ་གདོང་རྒན་ཟླ་གྲགས་རིན་པོ་ཆེ་གདན་འདྲེན་གྱིས་གཙང་དགོན་དོན་གྲུབ་རབ་བརྟན་གླིང་དང༌། རོང་པོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་བཅས་དགོན་པ་གསུམ་གཙོར་མཛད་དེ་ཡུལ་མདོ་ཁམས་སུ་དབུས་གཙང་ལྟར་འཇང་དགུན་ཆོས་ཐོག་ཆེན་མོ་འཚོགས་པའི་སྲོལ་ཐོག་མར་བཙུགས་པ་ནས་བགྲང་བྱ་བཅུ་ཕྲག་ལྷག་འདིའི་རིང་མདོ་སྨད་ལྷོ་བྱང་གི་ཆོས་སྡེ་ཆེ་ཆུང་སྣ་ཚོགས་མཉམ་འདུས་ཀྱིས་རྒྱལ་བའི་གསུང་རབ་ལ་ཐོས་བརྩོན་བརྡར་ཤ་གཅོད་པའི་སྲོལ་བཟང་ཆེས་ཆེར་དར་བཞིན་པ་ལགས། འདི་གའི་ཁམས་ཚན་དུའང་མ་ཧ་པཎྜི་ཏ་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་མཆོག་སྤྲུལ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དང༌། ཨ་ཀ་སྤྲུལ་བའི་བསྟན་འཛིན་ལྷུན་གྲུབ་རྒྱ་མཚོ། ཞི་ཆེན་མཆོག་སྤྲུལ་བསྟན་འཛིན་འཇམ་དབྱངས་རྒྱ་མཚོ་རྣམ་པ་གསུམ་དབུས་སློབ་གཉེར་བ་མང་དུ་ཕེབས་ནས་ཐོས་བསམ་ལ་གཅིག་ཏུ་བརྩོན་བཞིན་པའི་སྐབས་ལགས་སོ། །

                               རྭ་རྒྱ་བློ་དབང་གིས་བྲིས།

Monday 5 September 2011

སྨོན་ལམ་གསུམ་པའི་མཛུབ་གནོན་སྒྲིག་སྟངས་དཔེ་རིས་དང་བཅས་པ་ངོ་སྤྲོད།


སྨོན་ལམ་གསུམ་པའི་མཛུབ་གནོན་སྒྲིག་སྟངས་དཔེ་རིས་དང་བཅས་པ་ངོ་སྤྲོད།


སྨོན་ལམ་བོད་ཡིག་གསུམ་པའི་མཛུབ་གནོན་འདི་ཉིད་བསྒྲིག་དུས། དང་པོ་ཡར་འཆར་དཀར་ཆག་གི་དབྱིན་ཡིག་ control Panel འདིའི་ནང་དུ་སོང་དང་Regional and language Options ཟེར་བའི་འདིར་བཀོད་པའི་འདྲ་པར་དང་པོའི་སྟེང་གི་རི་མོ་འདི་མཐོང་ཐུབ། དེའི་སྒོ་ཕྱེ་བ་དང་། འདྲ་པར་འདི་དག་གི་གོ་རིམ་ནང་བཞིན་སྒྲིག་ཆས་དག་སྒྲིགས་དང་ཁྱོད་ཀྱིས་བོད་ཡིག་གི་གནད་དོན་ཡག་པོ་སེལ་ཐུབ་པའི་རེ་བ་ཡོད། འདི་དག་ནི་སྨོན་ལམ་བོད་ཡིག་གསུམ་པ་ནང་འཇུག་བྱས་ཚར་རྗེས་བེད་སྤྱོད་བྱེད་སྟངས་ཁོ་ན་ཡིན། 
དང་པོ།
གཉིས་པ།
གསུམ་པ།
བཞི་བ།
ལྔ་བ།
དྲུག
 འདིར་ཁ་གསལ་བོར་བཤད་རྒྱུ་ཞིག་ལ། སྤྱིར་ན་རྒན་སྨོན་ལམ་མཆོག་གིས་འདིར་རོགས་སྐྱོར་ཡིག་ཆ་སོགས་ཚད་ལྡན་བཟོས་ཡོད་ན་ཡང་། ན་གཞོན་གསར་བུ་དག་གིས་བོད་ཡིག་གི་སྤྱོད་སྒོ་ཉིན་རེ་ནས་ཉིན་རེ་བཞིན་ཆེ་རུ་ནས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། གསར་བུ་དག་གི་བློ་ཁ་དང་འཚམས་པའི་སྟབས་བདེ་དང་། རང་ཉིད་ཀྱི་ཉམས་མྱོང་ཙམ་གཙོར་བཟུང་ནས་བཀོད་པ་ཡིན་པ་ལས་གྲགས་འདོད་ཀྱི་མགོ་བོ་མཐོ་རུ་བཏགས་པ་མིན་པས་འདི་ལ་མཐོང་ཆུང་དང་འཕྱ་སྨོད་མི་བྱེད་པར་ཞུ་བ་དང་། འདི་ནི་ལས་དང་པོ་བ་དག་ལ་དམིགས་ནས་བཟོས་པ་ཡིན་པས། གློག་ཀླད་ཀྱི་ཤེས་ཚད་མཐོན་པོ་ཅན་ཚོས་འདི་ལ་མིག་གིས་ལྟ་ཙམ་ཡང་མ་བྱས་པར་ཆོག་ལ་ལྟ་ཡང་མི་དགོས་སོ།། སྤྱིར་ན་འདི་དང་མཉམ་དུ་ནང་འཇུག་བྱེད་སྟངས་སོགས་ཀྱང་བཟོ་འདོད་ཀྱང་དུས་ཚོད་ཀྱིས་དབང་གི་གནས་སྐབས་བཞག་གོ།
         

ངས་མཐོང་བའི་ཝ་ར་ཎཱ་སི།


ངས་མཐོང་བའི་ཝ་ར་ཎཱ་སི།
     གསུང་ཆོས་ཞལ་འཇལ་གནས་སྐོར་ལྗོངས་རྒྱུ་སོགས་དུས་གཅིག་ལྟར་ད་ལོའི་ཕྱི་ཟླ་དང་པོའི་ཚེས་ལྔ་ཉིན་གྲོགས་པོ་འགའ་ཤས་དང་མཉམ་ཏུ་ལམ་ལ་ཆས་ཏེ།   མེ་འཁོར་གྱིས་ངུ་རྒྱང་གཅིག་གི་ཡུལ་ཝ་ར་ཎཱ་སིར་ཉིན་མཚན་བཞི་ཙམ་གྱི་སླེབས་སོང་།  སྤྱིར་ན་རྒྱ་གར་གྱི་ས་འདིར་གནའ་བོའི་ཆོས་ལུགས་མང་བོའི་ལོ་རྒྱུས་ཤིན་ཏུ་མང་མོད།   ང་ལ་མཚོན་ན་ནང་བའི་གནས་ཆེན་འདི་དག་ནི་བདག་གི་ཤ་གསེང་རུས་གསེང་ལ་ཟུག་པའི་ཕ་མེས་ཀྱི་བག་ཆགས་དེའི་དབང་གིས་མ་གླེང་རང་གླེང་དུ་གྱུར་ཡོད།   དེའི་ཕྱིར་ངས་དངོས་སུ་མཐོང་བའི་ཝར་ཎཱ་ནི་འདི་ལྟར་འདུག ཝ་ར་ཎཱ་སི་ནི། འདུལ་བ་ཚིག་ལེའུར་བྱས་པ་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ །ཝ་ར་ཎཱ་ན་སི་ཡངས་པ་ཅན། །རྒྱལ་པོའི་ཁབ་ནི་དྲུག་པ་སྟེ། །འདི་ནི་གྲོང་ཁྱེར་ཆེན་པོར་ཤེས། །ཞེས་གསུངས་པ་ལྟར། གནའ་བོའི་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་གི་ནང་ཚན་དང་།  ལྷག་དོན།   མདོ་སྡེ་དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝ་ར་ཎཱ་སིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན། གསུངས་པ་ལྟར། བདག་ཅག་གི་སྟོན་པས་འཁོར་ལྔ་སྡེ་བཟང་པོར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་གནས་བྱིན་ཅན་དེ་ཡིན་ལ།

            ང་རང་དེར་སླེབས་དུས་བོད་རྩིས་ཀྱི་དགུན་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཡིན་པས་གནམ་གཤིས་ཀྱང་གྲང་ངར་ཆེ་ལ་ཉིན་མཚན་ཀུན་ཏུ་མཁའ་དབུགས་སྨུག་སྤྲིན་གྱིས་བཏུམས་ཤིང་།   ཐག་རིང་གི་ཡུལ་གྲུ་ཆེན་པོ་མཐོང་མི་ཐུབ་པ་མ་ཟད། མི་མང་གིས་གནམ་ས་བླ་འོག་སྒྱུར་ལ་བྱེད་བཞིན་པའི་སྐབས་རེད། ཝ་ར་ཎཱ་སིའམ་ཡང་ན Saranath ནི་Utlar Pradesh མངའ་སྡེའི་ཝར་ཎཱ་གྲོང་ཁྱེར་ཟེར་བ་དེ་ཡིན་ལ། མཆོད་རྟེན་ནས་མེ་འཁོར་འབབ་ཚུགས་བར་སྤྱི་ལེ་བཅུ་བཞི་ཡོད་། དེ་རུ་ད་དུང་བོད་དང་རྒྱ་ནག ཀོ་རི་ཡ། ཉི་ཧོང་སོགས་ཀྱི་དགོན་པ་དང་ལྷ་ཁང་སོགས་ཤུན་ཏུ་མང་།
            ཡུལ་ཝ་ར་ཎཱ་སི་ནི་སྔོན་སྟོན་པས་ཆོས་འཁོར་བསྐོར་བའི་གནས་རྩ་ཆེན་དང་གནའ་བོའི་རྒྱ་གར་གྱི་གྲོང་ཁྱེར་ཆེན་མོ་དྲུག་གི་ཡ་གྱལ་ཡིན་མོད། ད་ལྟ་ནི་ལྷ་ཁང་མཆོད་རྟེན་གྱི་གནའ་ཤུལ་གྱང་ཆག་དང་རྩིག་གདན་ཙམ་དུ་གྱུར་ཚར་པས་ཤུན་ཏུ་ཕངས། ད་ལྟ་དངོས་སུ་འཇལ་རྒྱུ་ཡོད་པ་ནི་ཤར་ངོས་ཀྱི་ངྷརྨ་ཀའི་མཆོད་རྟེན་བྱ་བ་དེ་ཡིན་ལ།   དེ་ཡང་གུཔྟའི་རྒྱལ་རྒྱུད་ཀྱི་སྐབས་སུ་བཞེངས་པར་བཤད། གནས་དེའི་མཆོད་རྟེན་ཆེ་ཤོས་ཀྱང་ཡིན། ཆོས་འཁོར་དངོས་སུ་བསྐོར་བའི་ཤུལ་ལ་རྡོའི་དྲ་མིག་གིས་བསྐོར་བའི་མཆོད་རྟེན་ཆུང་བུ་ཞིག་ཡོད་པར་གནས་ཡིག་དུ་བྲིས་འདུག་མོད། དེ་རུ་རྡོའི་དྲ་མིག་གིས་བསྐོར་བའི་མཆོད་རྟེན་གྱི་ཤུལ་མ་ཞིག་ལས་མཆོད་རྟེན་དངོས་ནི་མི་འདུག  དེ་དང་ཉེ་བ་ན་ཆོས་རྒྱལ་ཨ་ཤོ་ཀའམ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་རྡོ་རིང་ཀ་བ་དེ་ཡང་ད་ལྟ་དུམ་བུ་ལྔ་རུ་གྱུར་འདུག  དུམ་བུ་ལྔ་དེ་ལྕགས་ཀྱི་དྲ་མིག་བསྐོར་ནས་ཡོད་ལ། དབུས་ཀྱི་རྡོ་རིང་ཕྱེད་དེའི་ངོས་སུ་ཡོད་པའི་ཡི་གེ་དག་ལོ་ཉིས་སྟོང་སྔོན་གྱི་༼པ་ལེའི་༽ཡི་གེ་ཡིན་པར་བཤད། རྡོ་རིང་རྒྱབ་ངོས་སུ་རྡོ་རིང་གི་ཡི་གེ་ལས་གཞན་པའི་བོད་ཡིག་དང་ཧ་ཅང་འདྲ་བའི་ཡིག་གེ་ཞིག་འདུག་ལ། བཤམ་དུ་ཡང་བོད་ཀྱི་ཨང་གྲངས་དང་ཧ་ཅང་འདྲ་བའི་ཨང་ཀི་ཡིན་ནམ་ཡི་གེ་གང་ཡིན་མི་ཤེས་པ་ཞིག་འདུག   ཡི་གེ་དེ་དག་ལ་བལྟས་ཀྱིན་བལྟས་ཀྱིན་ཡིག་རྐྱང་དང་བརྩེགས་ཡིག་གཅིག་གཉིས་བྱས་ནས་འགའ་ཤས་བཀླག་ཐུབ་པ་ལྟ་བུ་འདུག་མོད། དེ་ཙམ་གྱིས་བོད་ཡིག་ཡིན་པ་དང་བརྗོད་བྱ་ཡོད་པར་ཁ་ཚོད་ཆོད་དཀའ།
       རྡོ་རིང་ཉེ་འདབས་སུ་ཡོད་པའི་ལྷ་ཁང་ཤུལ་ཏུ་རྡོའི་ཀ་བ་བཞི་ཁྲི་མ་མི་ཚད་ལྟ་བུ་གཉིས་འདུག་པ་དེ་ནི་སྔོན་སྟོན་པས་ཆོས་འཁོར་བསྐོར་ཤུལ་ཡིན་པར་བཤད། གནས་ཡིག་དུ་རྡོའི་དྲ་མིག་གིས་བསྐོར་བའི་མཆོད་རྟེན་ཆུང་ངུ་ཞིག་ཡོད་ཟེར་བ་དེ་ཡིན་ནམ་ཁ་ཚོད་མི་ཆོད། ད་ལྟའི་མཆོད་རྟེན་ཆེན་པོ་དེ་ནི་སྔོན་ཀླ་ཀློས་གཏོར་བཅོམ་བཏངས་པའི་ལྷ་ཁང་གི་ཤུལ་མ་དག་ཕྱོགས་གཅིག་དུ་སྤུངས་ནས་བཞེངས་པའི་མཆོད་རྟེན་ཡིན་པར་དགེ་སློང་སེར་བོའི་སྡེ་བས་གསུངས་པར་གྲགས་ལ་བདེན་ཤས་ཆེ། རྡོ་རིང་གི་རྒྱབ་ངོས་ཀྱི་ཡི་གེ་དེ་དག་ནི་སྔོན་ཀྱི་སཾསྐྲྀཏའི་མ་ཕྱི་ཡིན་པར་ཡང་བཤད།
       ཤར་ངོས་ཀྱི་མཆོད་རྟེན་དེ་ནི་མཐའ་འཁོར་དུ་དབུ་ཁང་ཀའུའི་དབྱིབས་ཅན་པད་འདབ་བརྒྱད་ཀྱིས་ཕྱོགས་བརྒྱད་ནས་བརྒྱན་ཡོད་ལ།   དེའི་སྟོད་དུ་རང་འཐེག་གི་ལྟེ་བའི་དབྱིབས་དང་འདྲ་ལ་སྨད་དུ་འཁོར་ཆེན་དུང་འཁོར་ལྟར་དབྱིབས་སྒོར་མོ་དང་།   དམིངས་གདན་རྡོ་ལས་གྲུབ་ཡོད།   སྟོད་སྨད་གཉིས་ལ་ཆེ་ཆུང་ཤུན་དུ་ཡོད།   འདི་ལ་གནའ་བོའི་རྒྱ་གར་གྱི་མཆོད་རྟེན་གྱི་བཟོ་དབྱིབས་གཞན་དང་མཚུངས་ཆོས་སོགས་ཅི་ཡང་མི་བྲོ་བར་བལྟས་ན། དེ་ནི་སྔོན་གྱི་ཀླ་ཀློས་བཅོམས་པའི་སྐུ་གསུང་ཐུགས་རྟེན་དག་ཕྱོགས་གཅིག་དུ་སྤུངས་ནས་བཞེངས་ཟེར་བའི་དགེ་སློང་སེར་བོའི་བཞེད་པ་བདེན་ཤས་ཆེན་པོ་འདུག  
     སྤྱིར་རྒྱ་གར་དུ་རྡོ་རྗེ་གདན་དང་འབྲས་སྤུངས་མཆོད་རྟེན་སོགས་ནང་བ་གཅིག་བུ་མ་ཡིན་པའི་མཆོད་རྟེན་བཞེངས་སྲོལ་ཤུན་ཏུ་མང་མོད།   དེ་དག་གི་བཟོ་བཀོད་ལ་རྩེ་མོ་མཐོ་ཞིང་དབྱིབས་དང་མཐའ་འཁོར་དུ་རྡོའི་རི་མོས་ཡོངས་སུ་སྐོར་བའི་ལུགས་ཡོད་མོད།   འདིའི་པད་འདབ་དག་གི་ཕྱོགས་ཀུན་ཏུ་མཆོད་རྟེན་རང་གི་མཐའ་འཁོར་དང་འཚམས་པའི་ཆ་སྙོམས་ཀྱི་རི་མོ་མེད་པར་པད་འདབ་ཀྱི་ཕྱོགས་འགའ་རེ་ན་རྡོའི་པ་ཏྲ་དང་བཟོ་དབྱིབས་མངོན་ཡོད་ཀྱང་།    ཕྱོགས་མཐའ་མང་ཆེ་བ་རང་བྱུང་རྡོ་རྩིག་གི་དབྱིབས་ལས་རི་མོ་སོགས་གང་ཡང་མི་འདུག་པར་བལྟས་ན།   རྡོའི་པ་ཏྲ་དེ་དག་ནི་ཕྱོགས་གཞན་གྱི་ལྷ་ཁང་གི་རྩིག་རྡོའི་རྡོ་བརྐོས་རི་མོ་ཡིན་པ་ལས་མཆོད་རྟེན་རང་གི་ཆེད་བཟོས་པ་མིན་པ་ཤ་སྟག་རེད།  
      དེའི་ཕྱིར་བོད་མི་སུ་ཞིག་སླེབས་ཚེ་དང་པོར་མཐོན་པོར་བཞེངས་པའི་མཆོད་རྟེན་ཆེན་པོ་དེར་རྒྱུགས་ནས་ཐོད་པ་གཏུག་པ་ལས།   ནུབ་དབུས་སུ་རྡོའི་དྲ་མིག་ནང་གི་མཆོད་རྟེན་དང་ལྷ་ཁང་གི་ཤུལ་ལ་དོ་སྣང་ཤུན་ཏུ་ཆུང་པས་ཕངས་པ་ལ།   འདི་ནི་དགེ་སློང་སེར་པོ་སྡེ་བས་གཙོ་བོ་བྱེད་ལ།   སངྒ་ལ་དང་ཐེ་ཝན་འབར་མ་སོགས་ཀྱི་ཆོས་དད་པ་དག་གིས་མཉམ་གཅིག་དུ་སྨོན་ལམ་རྒྱག་པ་དང་རྡོའི་ཀ་བར་གསེར་ཆུ་སོགས་བྱུགས་ནས་ཆོས་ཀྱི་མཛད་སྒོ་རྒྱ་ཆེན་དེ་རུ་བྱེད།  
      མཆོད་རྟེན་གྱི་ཤར་ཕྱོགས་སུ་གོམ་པ་ཉིས་བརྒྱ་ཙམ་གྱི་སར་ཡུལ་སངྒ་ལ་ནས་ཕེབས་པའི་སྐྱེ་བུ་སྙིང་སྟོབས་ཆེན་པོ་དགེ་བསྙེན་ངྷརྨ་པཱ་(Anagarika Dharmapala)ལས་བཞེངས་པའི་མཱུ་ལ་གན་ངྷི་ཀཱུ་ཊའི་གཙུག་ལག་ཁང་ཡོད།   དེར་སངས་རྒྱས་ཀྱི་སྐུ་རུས་ཚན་པ་གཉིས་བཞུགས།གཅིག་རྡོ་འཇོག་གི་ཡུལ་གྱི་མཆོད་རྟེན་རྙིང་བ་ཞིག་ལས་ཐོབ། གཅིག་ཤོས་ལྷོ་ཕྱོགས་དཔལ་གྱི་རི་ནས་རྙེད་པར་བཤད། ཉེ་འདབས་སུ་སྟོན་པ་གཙོ་འཁོར་དུ་ལྔ་སྡེ་བཟང་པོ་སོགས་ཀྱི་སྐུ་བརྙན་བཞེངས་ནས་རྒྱ་བོད་སོག་དབྱིན་སོགས་ཡིག་སྣ་མང་བོའི་སྟེང་ཆོས་ཀྱི་འཁོར་ལོའི་མདོ་རྡོ་ཀ་མ་ལར་བརྐོས་ཡོད།   ཡུལ་སངྒ་ལ་ནས་ཕེབས་པའི་སྐྱེ་བུ་སྙིང་སྟོབས་ཆེན་པོ་དགེ་བསྙན་ངྷརྨ་པཱ་ལ་ཟེར་བ་འདི་ཉིད་ཀྱི་ལོ་རྒྱུས་ཤུན་ཏུ་རིང་ལ་ནང་བར་ཤིན་ཏུ་ནས་བཀའ་དྲིན་ཆེ་མོད་ལོ་རྒྱུས་གསལ་བོ་ཞིག་མཇལ་མ་ཐུབ་པས་བཞག་གོ  
     མཆོད་རྟེན་གྱི་ལྷོ་ནུབ་མཚམས་ཀྱི་ལེའུར་ཕྱེད་ཙམ་ན་མཆོད་རྟེན་ཤུལ་མ་ས་སྦགས་འདྲེས་མའི་ས་འབུར་མཐོ་ཙམ་གྱི་སྟེང་ལྷ་ཁང་ཟུར་བརྒྱད་མ་ཞིག་འདུག   དེ་ནི་སྔོན་འཁོར་ལྔ་སྡེ་བཟང་པོ་དང་པོར་སྟོན་པར་མཇལ་བའི་གནས་ཡིན་པར་བཤད།   ལྷ་ཁང་ནང་དུ་ཨར་འདམ་གྱི་རྡོ་མཐིལ་དུ་རྡོའི་ཀ་བའི་སྣེ་ལྟ་བུའི་ཕྱོགས་འགའ་ཤས་ན་མངོན་པ་ཙམ་ལས་གཞན་ཅི་ཡང་མི་འདུག ལྷ་ཁང་དེ་དག་གི་བཟོ་བཀོད་དང་དབྱིབས་ལག་ནི་གཞན་དང་མ་འདྲ་བའི་ཁྱད་ཆོས་ཤིན་ཏུ་ནས་མོད་ཀྱང་། ད་རེའི་སྣག་ཤོག་དྲོན་ཕྱིར་དེ་ཙམ་གྱིས་བཞག་གོ། །།
༢༠༡༡/༠༣/༣༡

Sunday 31 July 2011

གྲྭ་བ་ལ་མི་དགའ་མཁན་ཚོས་ཉོན།

གྲྭ་བ་ལ་མི་དགའ་མཁན་ཚོས་ཉོན།
 
གང་གི་ཐུགས་བརྩེ་ཉེར་བཟུང་ནས།།
ལྟ་བ་ཐམས་ཅད་སྤང་པའི་ཕྱིར།།
དམ་པའི་ཆོས་ཀྱི་སྟོན་མཛད་པ།།
གཽ་ཏམ་དེ་ལ་ཕྱག་འཚལ་ལོ།།
                                           ཞེས་པའི་ཚིག་གིས་སྔོན་འགྲོ་དང་བཅས་ཞུ་རྒྱུར། 
       སྤྱིར་དེང་རབས་བོད་ཀྱི་རྩོམ་རིག་འཕེལ་འགྲུབ་ཀྱི་རིག་ལམ་འགྲོས་ཡིན་ནམ། སྒྲོ་སྐུར་དང་འུར་བསྒྲགས་ཚིག་ཉམས་གསུམ་ཧ་ཅང་དྲག་དུ་འཛིན་པ་ལས་དོན་གྱི་འབྲས་བུ་མཐར་ཐུག་པ་བདེན་པ་དང། དོན་ཟབ་མོའི་ཕྱོགས་ལ་ཧ་ཅང་རྒྱང་ཐག་རིང་པར་ཁོ་བོས་བསམས། འཕེལ་འགྲུབ་འདི་ནས་དཔྱོད་པའི་བློ་མིག་ཞར་ལ། གླེང་བའི་འབྲས་བུ་ཉམས་ཆུང་བར་འདུག་པས་ཐམས་ཅད་ཅལ་འདྲོགས་ཀྱི་ཕྱོགས་སུ་རྒྱུགས་པའི་རང་གཤིས་ཤིག་མངོན་པ་འདི་རེད། ལམ་ཕྱོགས་འདིས་འུ་ཅག་རང་ལྟ་མཆོག་འཛིན་དང་། ང་རྒྱལ་གཙུག་དུ་བཀུར་བ་ལས་དོན་མཐར་ཐུག་པའི་བློ་མིག་ཞར་འདུག  ད་ལྟ་དྲ་རྩོལ་གང་མང་ཞིག་ནས་གྲྭ་བའི་རིག་གནས་དང་མི་ཆོས་ཀྱི་རིག་གནས།  བླ་སྤྲུལ་རྫུན་མ་སོགས་ཟེར་བའི་ཁ་བྱང་གང་རྫུག་གང་ངན་རྩོམ་གང་མང་ཐོན་བཞིན་ཡོད་མོད།  དོན་མཐར་ཐུག་པའི་གྲྭ་བའི་གནད་དོན་གླེང་ཐུབ་མཁན་ཧ་ཅང་ཉུང་ངོ་།།
གང་ཡིན་ཟེར་ན་གྲྭ་བ་ཟེར་བ་དེ་སྤྱིར་སྟོན་པ་རིན་པོ་ཆེས་མཛད་པའི་ཆོས་འདུལ་བའི་བཅས་པ་ཡང་དག་པ་ཞིག་ཡོད་པ་དེ་ཚུལ་བཞིན་བསྲུང་མཁན་ལ་གྲྭ་བ་ཟེར་བ་རེད།  ངོས་ཐད་ནས་དེ་ལ་རྩ་བ་དང་ཡན་ལག་ཉང་ལག་རབ་དང་རིམ་པ་ཡོད་པའི་ནང་ནས་ཆེས་མ་མཐའ་ཡང་དགོས་པ་རྩ་བ་བཞི་སྟེ། མི་ཚངས་སྤྱོད་པ། མ་བྱིན་པར་ལེན་པ། སྲོག་གཅོད་པ། རྫུན་དུ་སྨྲ་བ་སོགས་རེད། དེ་ཙམ་གྱི་བསྲུང་བ་ཙམ་ཡང་མེད་མཁན་ལ་གྲྭ་བ་ཟེར་བ་ནི་མ་བརྟགས་མ་དཔྱད་པར་སྒྲོ་སྐུར་དང་ཉེས་མེད་ཉེས་འཛུགས་བྱེད་པ་ལས་ཁོ་ན་རེད།  འདི་ལྟ་བའི་ཁྱིམ་པའི་ནང་ནས་ཀྱང་ཧ་ཅང་ནག་ཉེས་ཅན་གྱི་བྱ་བ་ཞིག་གྲྭ་བའི་ཉེས་པ་ཟེར་ན་ཧ་ཅང་ཐལ་བའི་ཕྱིར། དེ་བཞིན་དུ་བདག་ཟེར་བའི་མི་བུ་འདིས་ཀྱང་གྲྭ་བ་དང་གྲྭ་བ་མ་ཡིན་པའི་དབྱེ་མཚམས་ཁྱད་པར་ཙམ་ཡང་མ་ཤེས་པར་གྲྭ་བ་གཞང་ཁང་དང་ཆང་ཁང་དུ་སོང་ནས་དུད་ཆང་བུད་མེད་སྤྱོད་བཞིན་འདུག་ཟེར་བ་ནི་ཧ་ཅང་ཐལ་བས་སོ།།  དེའི་ཕྱིར་བདག་གིས་སྐུ་ཉིད་ལ་དགག་པ་ངོ་རྒོལ་དམའ་འབེབ་སོགས་བྱེད་བསམ་མ་ཡིན་པར་ཅུང་ཙམ་གསལ་བཤད་ཀྱི་ཚུལ་དུ་བྲིས་ན་དེ་ལུགས་དགོངས་འཇགས་ཡོད་པ་ཞུ།
        སྐུ་ཉིད་ཀྱི་༼ད་ལྟའི་དགོན་སྡེ་དག་གི་ཉེས་དམིགས་གླེང་བ་༽ཟེར་བ་དེ་ལས།  གྲྭ་བ་གཞང་ཁང་དང་ཆང་ཁང་ན་འགྲོ་བཞིན་འདུག་ཟེར་བ་དེ་དག་ནི་སྐུ་ཉིད་ཀྱིས་ཐུགས་ཉམས་མ་བཞག་པ་ལས། དེ་དག་གྲྭ་བ་མ་ཡིན་པའི་ཕྱིར་ཏེ།  རྩ་བ་བཞི་ཙམ་གྱི་བསྲུང་བ་དང་སྡོམ་པ་ཡང་མི་ལྡན་པས་སོ།། རྒྱབ་དུ་དམར་སེར་གྱོན་འདུག་ཟེར་ན། དེ་ནི་ཁྱོད་ཀྱིས་སྐྱབས་ཡུལ་དགེ་འདུན་འཕགས་པར་འཇོག་པ་དེའི་ངོ་བོ་དང་ངེས་འཛིན་བྱེད་སྟངས་ནོར་པ་ལས།  ཆང་དང་ཐ་མག་བུད་མེད་གསུམ་སྤྱོད་ཆོག་པའི་བཅས་པ་ཞིག་སྔོན་ཆད་སྟོན་པས་མ་མཛད་པ་ལྟར་འཕགས་པའི་དགེ་འདུན་ཡང་སྲིད་དོགས་མེད་ཏོ།། ཆང་ཁང་དང་གཞང་ཁང་ཉུལ་བཞིན་བའི་འཕགས་པའི་དགེ་འདུན་ཞིིག་ཡོད་ན་དེ་ནི་དག་སྣང་ཅན་དག་གི་གསང་བ་སྔགས་ལུགས་ཟེར་བ་ཡང་ཧ་ཅང་ཐལ་དྲག་ཏེ། རྟོག་པ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་བསྟུན་དགོས་གསུངས་པའི་དམ་པའི་བཀའ་དང་འགལ་པའི་ཕྱིར།  དེ་ནི་མི་རེ་ཟུངས་ལ་གསུང་བ་མ་ཡིན་པར་དགེ་འདུན་སྤྱིའི་ཀུན་སྤྱོད་དང་བསྟན་པའི་ཞབས་འདྲེན་དུ་འགྲོ་པས་སྟོན་པས་དེ་ལྟར་ཡང་གནང་མེད་དོ།།
           འདིར་ཆོས་མིན་ཆོས་ལོག་སྟོན་མཁན་དང་གྲྭ་མིན་རྫུན་བཟོ་མཁན་ཚོའི་ཉེས་སྐྱོན་མཐའ་དག་གྲྭ་བའི་སྐྱོན་མཚང་དུ་འདྲེན་པ་ནི་རིག་པ་སྨྲ་བའི་གཏམ་ཞིག་ག་ལ་ཡིན། ཁྱིམ་པ་བུད་མེད་བསྟེན་མཁན་དང་བླ་རྫུས་ཇག་རྐུན་ཁྲམ་པའི་རིགས་ཤིག་གིས་ལས་པ་གྲྭ་བའི་བྱས་ཉེས་ཟེར་བ་ནི་ཁོ་བོ་བློ་ཕམ་ཤུན་ཏུ་ཆེ་སྟེ། ང་ཚོ་ཉམ་ཆུང་ཚུལ་མཐུན་གྱིས་བསླབ་པ་སློབ་གཉེར་བྱེད་མཁན་ཞིག་ལ་མཚོན་ན་དེ་ལས་ཕངས་པ་ཞིག་ག་ལ་ཡོད།
ད་དུང་སྐུ་ཉིད་ཀྱིས་དགོན་སྡེ་དེ་དག་གིས་གྲལ་གྱི་རིང་ཐུང་དང་ཚོང་ཁང་གི་ཆེ་ཆུང་ལྷ་སྐུ་སོགས་ཀྱི་རྒྱུ་སྤས་ལ་སོགས་བཤད་ཟེར་ནས་སྡིགས་པ་ཡང་ཤིན་དུ་མི་འགྲིག་སྟེ། ཕྱོགས་གཞན་ཞིག་ནས་གྲྭ་བ་ནི་གཞན་བསྟེན་སྲིན་འབུ་རེད། ལས་དཀའ་མི་ལས་པ་མ་ཟད་བུད་མེད་ལ་བསྟེན་ནས་མི་རིགས་འཕེལ་རྒྱས་མི་གཏོང་བ་སོགས་ཀྱི་ནག་ཉེས་འགེལ་ལ།  ཡང་ཕྱོགས་གཅིག་ནས་དགོན་སྡེ་དག་གི་ཆེད་གཉེར་ཉེར་མཁོའི་ཚོང་ཁང་དང་འདུག་སྟེགས་གདན་ཁྲི་ཕྱག་ཡུལ་སྐུ་གསུང་ཐུགས་རྟེན་ཙམ་ཡང་ནག་ཉེས་ནག་རྐྱང་དུ་བཤད་ན།  ཁྱོད་ཀྱིས་འདི་ལྟར་བསམ་བློ་བཏངས་ཨེ་མྱོང་།  གྲྭ་བ་ཡང་མྱི་ཡིན་པས་ཁོང་ཚོ་ལ་ཡང་ཚོར་བ་བདེ་སྡུག་བཏངས་སྙོམས་གསུམ་ཡོད་པ་ཤེས་སམ།  དཔེར་ན་ཁྱོད་ལ་འདི་ལྟར་འཇིག་རྟེན་གྱི་འཚོ་གནས་ཙམ་ཡང་གཉེར་མི་ཆོག་པའི་རྒྱལ་ཁབ་ཀྱི་བཀའ་རྒྱ་ཞིག་ཕབས་ན་ལག་བསྟར་ཐུབ་བམ།
དངོས་དོན་མཐར་ཐུག་སྐུ་ཉིད་ཀྱིས་གྲྭ་རྫུས་དང་བླ་སྤྲུལ་རྫུན་མས་བོད་མགོ་དང་རྒྱ་མགོ་གཉིས་ཀ་སྐོར་བཞིན་པ་སོགས་ཐེར་འདོན་བྱས་ཁུལ་ཡོད་པ་ནི་ཤུན་ཏུ་བཀའ་དྲིན་ཆེ་མོད། དྲང་བདེན་དང་དཔྱོད་ཤེས་ནི་དེང་རབས་རྩོམ་རིག་གི་བླ་སྲོག་ལྟ་བུ་ཡིན་པས་འདི་དག་དུས་ནམ་གླེང་ཡང་དྲང་བོ་དྲང་རྐྱང་དང་བདེན་པ་བདེན་རྐྱང་དུ་བཤད་རྒྱུ་ནི་ཤུན་ཏུ་ནས་བཀའ་དྲིན་ཆེ། བདག་མཐའ་གཅིག་དུ་ཁྱོད་ཀྱི་ཟློག་ཟླར་ལངས་ནས་གྲྭ་བ་དང་དགོན་སྡེ་བླ་སྤྲུལ་སོགས་ལ་ཉེས་པ་སྤུ་ཙམ་མེད་ཟེར་བཞིན་མེད་ལ། ང་ཚོ་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་ཡིན་པར་མི་སྲིད་དེ། གང་ཡིན་ཟེར་ན་འདོད་པའི་འཁོར་བ་རྒྱ་མཚོའི་ནང་དུ་འཚོ་བས་སོ།། 
སྤྱིར་ན་ད་དུང་གང་མང་ཞིག་བཤད་རྒྱུ་ཡོད་མོད་གནས་སྐབས་སུ་ཡིག་ཚོགས་མང་ལ་ངལ་དུབ་སོགས་ཀྱི་ཆེད་བཞག་གོ།

Monday 11 July 2011

བལ་ཡུལ་གྱི་དམར་མཆོད་ཆེན་མོ།


       བལ་ཡུལ་གྱི་དམར་མཆོད་ཆེན་མོ།

       འཇིག་རྟེན་ན་ཆོས་ལུགས་ནི་ཕྱི་རོལ་པ་དང་ནང་བ་ཙམ་མ་ཡིན་པར་དབྱེ་བ་གྲངས་ཀྱི་མི་ལོང་མོད།  དེ་དག་ཐམ་ཅད་མིའི་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཁོ་ནས་བྱུང་བ་ལྟར་ཡིན་པ་སྨྲོས་མེད་རེད་མོད།  ཆོས་ལུགས་ལ་ལ་ནི་འཚེ་བ་བྱེད་པར་ཁོ་ན་ཉམས་སུ་ལེན་ལ།  རང་ཉིད་ཀྱི་ཆེད་དུ་སེམས་ཅན་ཀྱི་སྲོག་གཅོད་པའི་ཡ་ང་དང་སྙིང་རྗེ་རྩ་བ་ནས་བྲལ།  དེ་ལས་ཀྱང་ནང་བ་སངས་རྒྱས་པ་ལྟ་བུའི་ཆོས་ལུགས་པ་འགའ་ཤས་ལས།  རང་གི་ཆེད་དུ་གཞན་ལ་ཁ་ཡ་མི་བྱེད་པ་ཁོ་ནར་ངེས་སོ།།  མ་ཧ་ཀ་ལི་ཀ་ཟེར་བའི་ཁྲོ་ཤིང་གཏུམ་པའི་ནག་མོ་འདི་མཆོད་མཁན་ནི་བལ་ཡུལ་དང་རྒྱ་གར་ནང་ཧ་ཅང་ཤུགས་ཆེ་ལ།  དེ་ལས་ཀྱང་བལ་ཡུལ་ནས་འདིིའི་དུས་དྲན་གྱི་ཉིན་མོ་ཁྱིམ་ཚང་ཆེས་མེད་པོ་ཚང་ཞིག་ཡིན་ཡང་བྱ་རྒན་ཞིག་གི་མགོ་བོ་བཅད་ནས་མཆོད་སྦྱིན་བྱེད་ལ།  དུས་མཆོད་འདི་ལ་བལ་ཡུལ་གྱི་ནང་སེམས་ཅན་ར་ལུག་བྱ་ཕག་སོགས་ཁྲི་ཕྲག་མང་བོ་དུས་གཅིག་ཉིན་གཅིག་ལ་མགོ་བོ་གཏུབས་ལ། དམར་མཆོད་ཀྱི་མཆོད་སྦྱིན་གྱི་དུས་དྲན་འདི་ནི་ཁོང་ཚོས་དུས་ཆེན་ཁྱད་པར་ཅན་ཞིག་ལ་རྩི་སྲོལ་ཡོད། དེ་ནི་ཕྱི་ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་མོ་ཡིན་ལ། འཇིག་རྟེན་གྱི་དམར་མཆོད་ཆེན་མོ་ཟེར་ཡང་མི་ཆོག་པ་མེད།



མ་ཧ་ཀ་ལི་ཀ

དམར་མཆོད་བྱེད་བཞིན་པ།

མགོ་བོ་བཅད་ཚར་བའི་ཕུང་བོ་དག


གཅོད་བཞིན་པ།




ཁྲག་གི་རྒྱ་མཚོ་འཁྱུལ་ཞིང་ཤ་རུས་ཀྱི་རི་བོ་བརྩིགས་པའི་མཆོད་སྦྱིན་ར་བའི་རྣམ་པ།
          འདི་དག་ཐམས་ཅད་ནི་འཇིག་རྟེན་ན་མཐོ་རིམ་སྲོག་ཆགས་ཟེར་བའི་རྣམ་དཔྱོད་ཅན་དག་གིས་འགྲོ་བ་སེམས་ཅན་གྱི་བདེ་སྐྱིད་བསྐྲུན་ཐབས་ཀྱི་ཆོས་ལུགས་ཟེར་བ་དེ་རེད། རྒྱུ་འབྲས་ཀྱི་གོ་བ་མེད་ཀྱང་ཆོག  ཆོས་ལུགས་ཀྱི་ངོ་བོ་མི་ཤེས་ཀྱང་ཆོག  རང་ཉིད་བདེ་བ་འདོད་པ་ཞིག་ཡིན་པས་ཆ་ནས་འདི་དག་ལ་ཅིག་ལྟོས་དང་།  གཞི་ནས་ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་བསྟན་པ་ཟེར་བ་འདི་དང་འདིའི་བྱམས་བརྩེའི་རིན་ཐང་ནི།  གསར་བུ་རྐྱལ་སྟོང་ཞིག་གིས་བཤད་པ་ལྟར་བཤིགས་དང་ན་ཆོག་པ་ཞིག་དང་།  ན་གཞོན་སྙིང་སྟོབས་ཅན་ཞིག་གིས་བཤད་པ་ལྟར་མེད་པར་བཟོ་མི་རུང་བའི་གནས་ལུགས་ཀྱི་ངེས་ཤེས་ཙམ་སྐྱེ་ནུས་སོ།།






Sunday 10 July 2011

གྲོགས་པོ།



གྲོགས་པོ།

ཡིད་མཐུན་གྲོགས་ཀྱི་བརྩེ་བའི་ལག་རྡང་།།
རི་དང་གཙང་བོས་བཙན་གྱི་བཅད་ཀྱང་།།
དུངས་པའི་སེམས་ཀྱི་ཨ་ལོང་དགུ་སྒྲིག།།
ལྕགས་དང་ཐོ་བས་བཅོམ་ཐབས་མི་འདུག



ཆུང་ཆུང་བྱིས་བློ་དྭངས་མོ་འདྲིས་པའི།།
རི་དང་གཙང་བོའི་འགག་འཕྲང་དག་ནས།།
ཚིག་དང་གོང་བའི་ལག་འཇུ་བཏངས་པ།།
ཡིད་སེམས་ཞིག་ནས་བརྗེད་ཐབས་མི་འདུག



དྲན་པའི་འཁྱགས་པ་སྙིང་ལ་བརྒྱབ་སོང་།
དུངས་པའི་མིག་མཐར་མཚོ་ཞིག་འཁྱིལ་ཡོད།།
རི་དང་གཙང་བོས་ཁ་ཐག་བཅད་ཀྱང་།།
སྙིང་གི་དུངས་པ་ཡལ་ཐབས་མི་འདུག