Monday 24 October 2011

རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་ལོ་རྒྱུས་ངོ་སྤྲོད།


རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས།
       དགོན་སྡེ་འདི་ནི་མདོ་ཁམས་སྒང་དྲུག་ལས་འབྲི་ཟླ་ཟལ་མོ་སྒང་དང་ཆུ་བཞི་ལས་རྨ་ཆུའི་འགྲམ་རྒྱུད་དེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་ཇོ་བོ་ཡབ་སྲས་ཀྱི་ལུང་གི་དངོས་སུ་ཟིན་པའི་རྨ་གཉན་ཧེད་པོ་ཁྱུང་མགོན་གྱི་རི་འདབས་རྭ་རྒྱ་བཀྲ་ཤིས་ལྗོངས་ཞེས་པར་རབ་བྱུང་བཅུ་གསུམ་པའི་ས་མོ་གླང་སྤྱི་ལོ་༡༧༦༩ ལོར་ཨ་རིག་དགེ་བཤེས་ཆེན་མོ་རྗེ་བྱམས་པ་དགེ་ལེགས་རྒྱལ་མཚན་གྱིས་ཕྱག་བཏབ་ཅིང༌། དགོན་མགོ་ྋཔཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ལ་ཕུལ་བས་ཇི་སྲིད་བར་བླ་བྲང་རྒྱལ་མཚན་མཐོན་པོས་འཛིན་བདག་མཛད་པ་ཡིན། ྋཔཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་དགོངས་བཞིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྒྲིག་ལམ་ལྟར་དུས་བཞིའི་ཆོས་ཐོག་ཆེ་ཆུང་དང༌། 
རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ་གཞིར་བཟུང་བཀའ་པོད་ལྔའི་འཆད་ཉན་འཛིན་གྲྭ་བཅུ་གསུམ་དང༌། ལམ་སྔགས་གཉིས་ལ་འཛིན་གྲྭ་ཟུར་འཛུགས་ཀྱི་མདོ་སྔགས་ཀྱི་འཆད་ཉན་རྨད་དུ་བྱུང་བ་དཀར་འབྱམས་སུ་བརྡལ་ཞིང༌། ཁོང་གིས་ལོ་ངོ་ཉེར་བཞིའི་རིང་བདག་སྐྱོང་གིས་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་སྤྱི་ལོ་༡༧༩༢ ལོར་ྋཔཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ལ་བཀའ་བགྲོས་གནང་བས། གཙང་ནས་ྋཔཎ་ཆེན་སྐུ་ཚབ་ཚོགས་གསོག་པ་བློ་བཟང་དགེ་འདུན་སྐུ་འཁོར་བཅས་མངགས་འབྱོར་བྱུང་བ་ལྟར་ཐུགས་སྲས་ཆེན་པོ་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོར་གདན་ས་གཏད་ནས་རི་ཁྲོད་ལ་ཕེབས།  ཐུགས་སྲས་པཎྜི་ཏ་ཆེན་པོ་མཆོག་ནས་ཀྱང་བླ་མའི་བཀའ་བཞིན་སྔར་ཡོད་མཚན་ཉིད་གྲྭ་ཚང་གི་སྟེང་དུ། དབུས་རྒྱུད་སྨད་གྲྭ་ཚང་གི་རྒྱུད་གྲྭ་བ་རྣམས་དང་མཉམ་དུ་བཙུགས་པའི་རྒྱུད་པ་ལ་གྲྭ་གྲངས་ཁ་སྣོན་གྱིས་རྒྱུད་སྨད་གྲྭ་ཚང་གསང་སྔགས་བདེ་ཆེན་གླིང་དང༌། དུས་འཁོར་གྲྭ་ཚང་རིགས་ལྡན་བློ་གསལ་གླིང༌། སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་བཅས་གྲྭ་ཚང་ཆེན་པོ་གསུམ་དང༌། རྟ་མགྲིན་གྲྭ་ཚང་བཅས་རིམ་བཞིན་བཙུགས་ཤིང༌། དེ་དག་གི་འཆད་ཉན་གྱི་རིམ་པའང་ཡུལ་མདོ་སྨད་དུ་སུས་ཀྱང་འགྲན་པའི་ཟླ་དང་བྲལ་བའི་ཕྱག་ལེན་ངོས་གཙང་ཞིང་རྨད་དུ་བྱུང་བ་འཛུགས་པར་མཛད། 

ཞིབ་པར་གོང་སྨོས་ཤིང་བཟའ་པཎྜི་ཏའི་རྣམ་ཐར་སྐབས་བརྗོད་ཟིན་པས་བསྐྱར་ཟློས་སྤངས། ཆོས་སྡེ་འདིར་མདོ་སྔགས་བསྟན་པའི་སྒྲོན་མེ་སྐྱབས་རྗེ་ཤིང་བཟའ་སྐུ་ཕྲེང་རིམ་བྱོན་དང༌། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཡབ་རྗེ་གསེར་ཁང་བ་ཆེན་པོ། རྒྱ་ལུ་ཧུ་ཐོག་ཐུ་སྐུ་ཕྲེང་རིམ་བྱོན་དང༌། ཨ་ལགས་རྒྱལ་བ་སྐུ་ཕྲེང་རིམ་བྱོན། ཨ་རིག་དགེ་བཤེས་ཆེན་མོའི་ཡང་སྤྲུལ་དུ་ལྷ་དང་བླ་མའི་ལུང་གིས་ཟིན་པ་སྐུ་ཕྱོགས་ཨ་ཀ་སྐུ་ཕྲེང་རིམ་བྱོན་སོགས་ཆོས་ཚུལ་རྒྱ་མཚོའི་ཤིང་རྟ་འདྲེན་པའི་སྤྲུལ་བའི་སྐུ་བཞི་བཅུ་ལྷག་དང༌། གདན་ས་ཆེན་པོ་རྣམས་སུ་ལུང་རིགས་སྨྲ་བའི་དབང་ཕྱུག་ཏུ་གྱུར་བ་ཇེ་སང་དགེ་བཤེས་དགེ་ལེགས་བཟང་པོ་དང༌། མ་ཁྱེ་ལྷ་རམས་པ་དགེ་ལེགས་དཔལ་བཟང༌། སྦྲ་ནག་དགེ་བཤེས་བློ་བཟང་བསྟན་པ། ཕྱག་ཤུལ་དགེ་བཤེས་དགེ་འདུན་རྣམ་རྒྱལ། ཀླུ་རྩེ་དགེ་བཤེས། དགོན་རུང་དགེ་བཤེས་ངག་དབང་བསྟན་དར། བཀའ་བཅུ་དགེ་འདུན་ཤེས་རབ། ཨ་སྐྱོང་དགེ་བཤེས་སོགས་ལོ་ངོ་ཉིས་བརྒྱ་ལྷག་གི་རིང་ལ་དབུས་ཀྱི་གདན་སར་མིང་བཏགས་ཆེ་ཁག་བླངས་པའི་དགེ་བཤེས་བརྒྱ་ཕྲག་བརྒལ་བ་ལྷག་བྱུང་ལ། ཆོས་སྡེ་རང་གི་གྲྭ་ཁྲོད་ནས་ཀྱང་ཡབ་རྗེ་གསེར་ཁང་བ་ཆེན་པོ་བློ་བཟང་བསྟན་འཛིན་རྒྱ་མཚོ། སྨན་ཤུལ་ཨེར་ཏི་ནི་བློ་བཟང་ཡེ་ཤེས་བསྟན་འཛིན།  

ཤར་འོད་ཆོས་མཛད་གྲགས་པ་བཟང་པོ། སྐུ་མཆེད་བསྟན་པ་རྒྱ་མཚོ། གཡུ་རྔོག་པཎྜི་ཏ་བློ་བཟང་རྡོ་རྗེ།  ཕྱག་མཛོད་བྱམས་པ་གསུང་རབ་སོགས་འཇམ་མགོན་སངས་རྒྱས་གཉིས་པའི་བསྟན་པ་རིན་པོ་ཆེ་འཛིན་པར་སྨོན་ལམ་གྱི་མཐུ་གྲུབ་པ་མང་པོ་བྱོན། དར་རྒྱས་ཀྱི་སྐབས་སུ་རྒྱུན་སྡོད་དགེ་འདུན་པ་ཉིས་སྟོང་ལྔ་བརྒྱ་ལྷག་དང་སྒར་ཁག་ཆེ་བ་ཉེར་ལྔ༌། གཙུག་ལག་ཁང་ཉི་ཤུ་རྩ་བདུན། རྒྱལ་བའི་བཀའ་འགྱུར་ཆེན་པོ་དང་རྒྱལ་བ་ཙོང་ཁ་བ་ཆེན་པོའི་བཀའ་འབུམ། རྗེ་བཙུན་ཆོས་རྒྱལ་མཚན་གྱི་གསུང་འབུམ་ཡོངས་སུ་རྫོགས་པའི་པར་ཤིང་སོགས་རྟེན་གསུམ་སྲིད་ན་རྙེད་པར་དཀའ་བ་ཕྱུར་བུར་སྤུངས་ཤིང༌། སྔར་རྒྱ་ནག་གོང་མ་ཆན་ལུང་གིས་ཀྱང་མཚན་ལེགས་གླིང་ཞེས་པའི་ཙི་བན་སྤྲད་མྱོང༌། དགོན་ལག་ཀྱང་གསེར་ལེགས་དགའ་ལྡན་ཕུན་ཚོགས་བསྟན་རྒྱས་གླིང༌། ལུང་དཀར་དགའ་ལྡན་ཆོས་འཕེལ་གླིང༌། སྙན་མོ་དགོན་དགེ་ལྡན་རྣམ་རྒྱལ་གླིང༌། ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང༌། སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང༌། ཐར་ཤུལ་དགོན་བཤད་སྒྲུབ་རབ་བརྟན་གླིང༌། ཀླུ་ཚང་དགོན་དགེ་འཕེལ་བྱང་ཆུབ་གླིང༌། བོང་སྟག་དགོན་ཨེ་ཝམ་ཏཱ་རེའི་གླིང༌། བེ་ཧུ་དགོན་དགའ་ལྡན་ཐོས་བསམ་གླིང༌། བེ་ཇོ་དགོན༌། བེ་ཅིང་དགོན། བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང༌། བ་རོད་དགོན་སོགས་བཤད་སྒྲུབ་ཀྱི་ཆོས་སྡེ་སུམ་ཅུ་ལྷག་ཡོད། རྗེ་གསེར་ཁང་བ་ཆེན་པོ་ཡབ་སྲས་དང་བཅས་པའི་བཀའ་དྲིན་ལས་མདོ་སྨད་སྤྱི་དང་ཁྱད་པར་དུ་རྨ་ལྷོ་བྱང་གི་ཡུལ་གྲུ་དག་ལ་ཀུན་སྤངས་རི་ཁྲོད་པའི་རྣལ་འབྱོར་བ་སྟོང་ཕྲག་དུ་མས་རི་བྲག་རྫ་གསེང་རྣམས་སུ་ཐོས་དོན་སྒྲུབ་པར་བརྩོན་པའི་སྲོལ་བཟང་ཆེས་ཆེར་འཕེལ་བ་བྱུང༌།

  མ་ཧ་པཎྜི་ཏ་ཤིང་བཟའ་བློ་བཟང་དར་རྒྱས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་དངོས་སློབ་ཡང་སློབ་དག་གི་བཀའ་དྲིན་ལས་མདོ་སྨད་ལྷོ་བྱང་དུ་མདོ་སྔགས་ཆོས་ཚུལ་གྱི་མུ་རྒྱུད་མཐའ་མེད་དུ་འཕེལ་ཞིང༌། ཐ་ན་ད་ལྟ་ཡུལ་དེ་དག་ཏུ་ཐུན་མོང་རིག་གནས་ཀྱི་བཤད་ཁྲིད་ཆེས་ཆེར་འཕེལ་བའང་རྗེ་འདི་ཉིད་ཀྱི་དངོས་སློབ་པཎྜི་ཏ་ཆེན་པོ་བིས་པ་ངག་དབང་མི་ཕམ་ཟླ་བ་དང༌། ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས། བཀའ་བཅུ་དགེ་འདུན་ཤེས་རབ་སོགས་ཀྱི་བཀའ་དྲིན་དང་དམ་པ་དེ་དག་གི་སློབ་རྒྱུན་དུ་མ་གཏོགས་པ་ད་དུང་ཡང་མེད་པའི་ཚོད་དུ་གནས།  མཆོད་གཞིས་སུ་གཏོགས་པའི་ལྷ་སྡེའང་སྔར་ཨ་རིག་ཚོ་དགུའི་སྤྱི་དགོན་ཡིན་པས་ཡོངས་གྲགས་སུ་ཨ་རིག་རྭ་རྒྱ་རུ་གྲགས་ལ། དེ་དུས་ཇ་སག་མགོན་པོ་རྡོ་རྗེའི་མངའ་འབངས་སུ་དགོན་སྡེ་འདིའི་མཆོད་གཞིས་ལ་བོད་སོག་གི་རུ་སྡེ་ནམ་མཁའི་རྒྱུ་སྐར་ས་ལ་འཕོས་པའི་ཟོལ་དུ་མང་འབལ་བྱ་གསུམ་དང༌། གཡས་རུ་གཡོན་རུ། རྨ་རྒྱལ་གངས་རིའི་རྒྱབ་མདུན་བཅས་སུ་གཞིས་ཆགས་པའི་ཨ་རིག་པ་དང༌། ཇ་སག་སྡེ་བཞི་སོགས་ཡིན། དུས་ཟིང་དང་ལོ་རྒྱུས་ཀྱི་འགྱུར་ལྡོག་ལས་སོག་པོ་དང༌། ཨ་རིག་པ་རྣམས་རིམ་གྱིས་རུ་འཐོར་ཏེ་ཕྱོགས་ཕྱོགས་སུ་ས་བུད་པ་ནས་ཤུལ་ལས་ཚོ་བ་སྐོར་ཞིག་དང༌། སྦྲ་ནག་ཁག་གསུམ། མགར་རྩེ་ཚོ་བཅྭོ་བརྒྱད། སེ་བན་ཅང་གསུམ། མཐའ་འདུག་ཚོ་བཞི། རྟ་བོ་དམེ་ཚང་སོགས་རུ་སྡེ་བགྲང་ལས་འདས་པ་གནས། སྤྱི་ལོ་༡༩༥༨ ལོར་བླ་མ་རྣམས་དང་དགེ་བའི་བཤེས་གཉེན་དྲག་རིམ་ཡོད་ཚད། དགེ་འདུན་པ་སྟོང་ཕྲག་ལྷག་འཛིན་བཟུང་གིས་བཙོན་དུ་ཁྱེར་བ་རེ་གཉིས་ལས་ཕྱིར་འོང་མ་བྱུང༌། སྤྱི་ལོ་༡༩༦༤ ལོར་ཆོས་ལུགས་སླར་གསོའི་ཁ་གཡང་གིས་བསླུས་ཏེ་སྔར་སྦས་སྐུང་བྱས་པའི་རྟེན་གསུམ་དང་སྡོམ་ལྡན་རྣམས་ཀྱིས་སླར་དགོན་གཞི་བཟུང་ཙམ་ལ་སླར་དམ་དྲག་གི་དགོན་ཤུལ་གྱང་ཆག་སྐྱ་ཉུལ་དུ་བཏང་ཞིང༌། རྩ་ཆེན་རྟེན་སྣ་གཅིག་ཙམ་ཡང་མ་ལྷག  ཕྱིས་སྤྱི་ལོ་༡༩༨༡ ལོར་སྐུ་ཕྱོགས་རྒྱལ་བ་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་དབང་མཁྱེན་རབ་རྒྱ་མཚོ་དང༌། སྐུ་ཕྱོགས་རྒྱ་ལི་སྤྲུལ་བའི་སྐུ་རིན་པོ་ཆེ། ཨ་ལགས་ཙང་གུ། ཨ་ལགས་སྨན་ཤུལ། ཨ་ལགས་གཙོ་རི་སོགས་བླ་སྤྲུལ་འགའ་ཞིག་གི་སྟེང་དགེ་འདུན་པ་བཞི་བཅུ་ཙམ་ལྷག་ལུས་བྱུང་བ་དག་གིས་གཞི་བཟུང་ཞིང༌། དགེ་བའི་བཤེས་གཉེན་ཆེན་པོ་འོད་ཟེར་བཟང་པོ་དང༌། བརྩི་བཞག་བཟོད་པ་བཟང་པོ། བརྩི་བཞག་བློ་བཟང་བསྟན་པ། རྒན་བློ་གྲོས་བཟང་པོ། སློབ་དཔོན་བསྟན་སྐྱོངས་སོགས་ཀྱིས་བཀའ་དྲིན་ལ་བརྟེན་སྔར་གྱི་འཆད་ཉན་གྱི་རིམ་པ་དང་སྒྲིག་ལམ་མཐའ་དག་ཟུར་ཙམ་ཡང་མ་ཉམས་པར་གྲྭ་ཚང་ཆེན་པོ་བཞི་དང་བཅས་པ་སླར་ཡང་བཙུགས་ཤིང༌། 

ད་ལྟ་དགེ་འདུན་པ་བདུན་བརྒྱ་ལྷག་ཏུ་འཕེལ་ཏེ་བཤད་སྒྲུབ་ཀྱི་བྱ་བ་ཡར་ཟླའི་དཔལ་ལ་འགྲན་བཞིན་པའི་སྐབས་ཡིན། སྤྱི་ལོ་༡༩༩༥ ལོར་དགོན་པ་འདིར་སེར་བྱེས་ཧ་གདོང་རྒན་ཟླ་གྲགས་རིན་པོ་ཆེ་གདན་འདྲེན་གྱིས་གཙང་དགོན་དོན་གྲུབ་རབ་བརྟན་གླིང་དང༌། རོང་པོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་བཅས་དགོན་པ་གསུམ་གཙོར་མཛད་དེ་ཡུལ་མདོ་ཁམས་སུ་དབུས་གཙང་ལྟར་འཇང་དགུན་ཆོས་ཐོག་ཆེན་མོ་འཚོགས་པའི་སྲོལ་ཐོག་མར་བཙུགས་པ་ནས་བགྲང་བྱ་བཅུ་ཕྲག་ལྷག་འདིའི་རིང་མདོ་སྨད་ལྷོ་བྱང་གི་ཆོས་སྡེ་ཆེ་ཆུང་སྣ་ཚོགས་མཉམ་འདུས་ཀྱིས་རྒྱལ་བའི་གསུང་རབ་ལ་ཐོས་བརྩོན་བརྡར་ཤ་གཅོད་པའི་སྲོལ་བཟང་ཆེས་ཆེར་དར་བཞིན་པ་ལགས། འདི་གའི་ཁམས་ཚན་དུའང་མ་ཧ་པཎྜི་ཏ་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་མཆོག་སྤྲུལ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དང༌། ཨ་ཀ་སྤྲུལ་བའི་བསྟན་འཛིན་ལྷུན་གྲུབ་རྒྱ་མཚོ། ཞི་ཆེན་མཆོག་སྤྲུལ་བསྟན་འཛིན་འཇམ་དབྱངས་རྒྱ་མཚོ་རྣམ་པ་གསུམ་དབུས་སློབ་གཉེར་བ་མང་དུ་ཕེབས་ནས་ཐོས་བསམ་ལ་གཅིག་ཏུ་བརྩོན་བཞིན་པའི་སྐབས་ལགས་སོ། །

                               རྭ་རྒྱ་བློ་དབང་གིས་བྲིས།

1 comment:

  1. ཨ་རོ་ཡིག་གཟུགས་ཇེ་ཆེ་མི་ཐོངས་ཀ།

    ReplyDelete